[001A] ། ༄༅། །མཁན་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་འབུམ་ལས་བདེ་མཆོག་དྲིལ་བུ་ལྷ་ལྔའི་ཕྱི་དཀྱིལ་གྱི་དབང་གི་བཤད་པ་བསྡུས་པ་བཞུགས་སོ། ། [001B] །ན་མོ་གུ་རུ་ཙཀྲ་སཾ་བྷ་རཱ་ཡ། །ཡིད་བཞིན་ནོར་ལས་དཀོན་པའི་ལམ་བཟང་གི་སྨིན་གྲོལ་རྒྱས་བྱེད་ཀུན་གྱི་མཆོག་ གྱུར་ཞིང། །མཁས་མང་དབུས་ན་རྒྱལ་མཚན་ཏོག་ལྟ་བུར། །མངོན་པར་མཐོ་བའི་རྡོ་རྗེ་འཛིན་ལ་འདུད། །འདིར་དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ ལུགས་ཀྱི་སྨིན་བྱེད་དབང་གི་ཆོ་གའི་ཚིག་དོན་ཅུང་ཟད་བཤད་པར་བྱ་བ་ལ། དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དང། ཞུགས་ནས་དབང་བསྐུར་པའི་ཆོ་གའོ།། དང་པོ་ལ་ཡོལ་བའི་ཕྱི་རོལ་དུ་གཞུག་པ་དང། ཡོལ་བའི་ནང་དུ་གཞུག་པའོ། །དང་པོ་ནི། འོག་ཏུ་འབུལ་རྒྱུའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་རྣམས་བྱིན་གྱིས་ [002A] །བརླབ་ནས། མཎྜལ་ཕུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་ཀྱིས་གསོལ་བ་ལན་གསུམ་བཏབ་ དེའི་དོན་ནི། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་རྗེས་སུ་ཆགས་པའི་དགའ་བ་ཆེན་པོ་ཁྱོད་ནི་བདག་གི་རྒྱུད་འཆོས་ཤིང་ལམ་སྟོན་པའི་ སྟོན་པ་ཡིན་ལ། བདག་གིས་གསོལ་བ་འདེབས་པའི་ཚིག་འདི་ལ་ཁྱེད་ཐུགས་རྗེ་ཆེན་པོས་དགོངས་པར་མཛད་དུ་གསོལ། བྱང་ཆུབ་ཆེན་པོ་ནི་རྫོགས་པའི་ སངས་རྒྱས་ཀྱི་བྱང་ཆུབ་པོ། །ཚུལ་ཞེས་པ་ལ་དོན་མང་ཡང་འདིར་ནི་སངས་རྒྱས་སུ་བགྲོད་པའི་ལམ་མོ། །བརྟན་པ་ནི་མི་བཤིག་པས་མི་ཕྱེད་པའོ། ། [002B] བདག་འཚལ་ལོ་ཞེས་གོང་དུ་བཤད་པ་དེད་གངས་འདོད་དོ་ཞེས་པའོ། །དམ་ཚིག་སོགས་ནི་རྫོགས་པའི་བྱང་ཆུབ་བསྐྱེད་པ་ལས་མི་འདའ་ བའི་དམ་ཚིག་སྟེ། སྔགས་དང་རྒྱུད་དང་ཕྱག་རྒྱལ་སོགས་པའི་དེ་ཉིད་བདག་ལ་སྩོལ་ཞེས་པའོ། །བྱང་ཆུབ་སེམས་ཀྱང་སོགས་ནི་སྨོན་འཇུག་གི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ ཀྱང་བདག་ལ་སྩོལ། སངས་རྒྱས་སོགས་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་རྣམ་དག་ཀྱང་བདག་བསྩོལ་ཞེས་བའོ། །ཐར་པ་ཆེན་པོ་སོགས་ནི། ཐར་པ་ ཆེན་པོ་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་རྙེད་པའི་དམ་པ་རྣམས་ཀྱི་གྲོང་ཁྱེར་རམ་གཞལ་ཡས་ཁང་མཆོག་ཏུ། ཁྱོད་ཀྱིས་བདག་གཞུག་ཏུ་གསོལ་ཞེས་བའོ། །ཨོཾ་ནི་གོ་བར་ ཟད་ལ་ཁཎྚ་རོ་ཧི་དུམ་སྐྱེས་མའོ། །ཨཱའོད་དཔག་མེད་ཀྱི་ས་བོན། ཁཾ་དོན་གྲུབ་ཀྱི་ས་བོན། བའི་རྣམ་སྣང་གི་མིང་ཡིག་དང་པོ། ར་རིན་འབྱུང་གི་མིང་ཡིག་དང་པོ། ཧཱུཾ་མི་བསྐྱོད་པའི་ས་བོན་ ནོ། །བླ་མས་དཀྱིལ་འཁོར་དུ་ཕྱག་སྟོང་པར་འཇུག་མི་རུང་པས། རིགས་ལྔས་མཚོན་པའི་ཁ་དོག་སྣ་ལྔ་པའི་མེ་ཏོག་གི་འཕྲེང་བ་བྱིན་པར་མོས་སོ། །སྤྱན་དར་འཆིང་བའི་སྔགས་ནི། ཙཀྵུ་ནི་ [003A]༄༅། །མིག་བནྡྷ་ནི་འཆིང་བ། ཝཱ་ར་མཆོག་ཏུ། མན་ཡ་ཡིད་ཀྱི་ཆེད་དུ་ཞེས་པ་སྟེ། ཡིད་མཆོག་ཏུ་བྱ་བའི་ཕྱིར་མིག་འཆིང་བ་ཡིན་ཞེས་པའོ། །ལས་བུམ་གྱི་ ཆུས་བགེགས་རྣམས་བསང་ལ། དབང་བསྐུར་བའི་སྐབས་སུ་སློབ་མ་དང། བདག་འཇུག་གི་སྐབས་སུ་རང་ཉིད་སྦྱོར་བ་འོག་མ་ཀུན་ལ་ཤེས་པར་བྱ་ལ། ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་ པར་བསྐྱེད། གནས་གསུམ་དུ་ཡི་གེ་གསུམ་འོད་ཟེར་དང་བཅས་པ་གསལ་བཏབ། བླ་མས་ཀྱི་ཁྱོད་སུ་ཡིན་ཅི་ལ་དགའ་ཞེས་དྲིས་པའི་ལན་དུ། སྐལ་བ་བཟང་པོ་རྒྱལ་བའི་སྦས་པོ་བདག་ བདེ་བ་ཆེན་པོ་སྔགས་ཀྱི་ལམ་ལ་མོས་སོ་ཞེས་ལན་འདེབས། ཡང་བླ་མས། སྐལ་བཟང་ཁྱོད་སྔགས་ལམ་ལ་མོས་ནས་དེས་ཅི་ཞིག་བྱ་ཞེས་དྲི་བ་ལ། དེའི་ལན་དུ་ལམ་དེས་ཀྱང་སངས་རྒྱས་ ཀྱི་དམ་ཚིག་མཆོག་བགྱི་འཚལ་ཞེས་ལན་འདེབས། དེ་ནས་སྡོམ་བཟུང་ལ། ཐུན་མོང་བ་བྱང་སྡོམ་དང། ཐུན་མོང་མ་ཡིན་པ་སྔགས་སྡོམ་བཟུང་བ་ནི་གཞན་དུ་ཤེས་པར་བྱའོ། །དེ་ནས་སེམས་ཅན་ཐམ་ ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་སྙིང་ཁར་ཟླ་བ་དང། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་རང་སེམས་དང་དབྱེར་མི་ཕྱེད་པ་དོན་དམ་བྱང་སེམས་ [003B] །སྔགས་ནི། སརྦ་ཐམས་ཅད། ཡོག་རྣལ་འབྱོར། ཙིཏྟ་སེམས། ཨུ་བ་ཏ་ཡ་མི་ནི་བསྐྱེད་པར་བགྱིའོ་ཞེས་པའོ།། དེའི་བརྟན་བྱེད་དུ། བླ་མའི་ཐུགས་ཁའི་ཟླ་བ་རྡོ་རྗེ་དང་བཅས་པ་ལས་དེ་འདྲ་གཉིས་པ་མར་མེ་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་ནས། སྙིང་གའི་ཟླ་བ་རྡོ་རྗེ་དང་བཅས་པ་ལ་ཐིམ་པར་བསམ་མོ། ། སྔགས་ནི། སུ་ར་ཏི་ཤིན་ཏུ་དགའ་བ། ས་མ་ཡ་དམ་ཚིག། སྟྭཾ་སིདྡྷི་ནི་ཁྱོད་བསྒྲུབ་པར་བྱའོ། །བཛྲ་ནི་རྡོ་རྗེ། ཡ་ཐ་ནི་ཇི་ལྟར། སུ་ཁཾ་ནི་བདེ་བར། ཞེས་པ་ཡིན་ནོ། །དཀྱིལ་ འཁོར་གསང་བར་གདམས་པ་ནི་དེང་ཁྱོད་སོགས་སོ། །དེ་བཞིན་གཤེགས་པ་ནི་རྣམ་སྣང་སོགས་སོ། །མ་དད་པ་ནི། དབང་ཐོབ་ཏུ་ཟིན་ཀྱང་སྔགས་ལམ་དད་པ་རྣམས་སོ། །དེ་ཡན་ཆད་ཕྱག་ ལེན་ལ་ཡོལ་བའི་ཕྱི་འཇུག་དང། དོན་ལ་དཀྱིལ་འཁོར་གྱི་ཕྱི་འཇུག་ཡིན་ནོ། །གཉིས་པ་ནི། ཧཱུཾ་ཛཧཱུཾ་ཞེས་བརྗོད་ཅིང། བླ་མའི་ཐུགས་ཁའི་ཧཱུཾ་གི་འོད་ཟེར་ལྕགས་ཀྱུ་ལྟ་བུས་བཅུག་ནས་དཀྱིལ་ འཁོར་གྱི་ཤར་སྒོའི་ནང་དུ་འཁྲིད་པར་མོས་ལ། དེ་ནས་རྩིག་པའི་ནང་དང་ལྷ་རྣམས་ཀྱི་ཕྱི་རོལ་ནས་གཡོན་བསྐོར་དུ་བསྐོར་བར་མོས་ལ། མཧཱ་ར་ཏ་སོགས་བརྗོད་ལ། སྔགས་ནི། མཧཱ་ར་ཏ་ [004A]༄༅། །དགའ་བ་ཆེན་པོ། སུ་ཊི་ཏ་ཤིན་ཏུ་བརྟན་པ། སུ་ཏོ་ཥོ་ཤིན་ཏུ་དགྱེས་པ། སུ་སུ་ཥོ་ཤིན་ཏུ་བདེ་བ། བཛྲ་སཏ་རྡོ་རྗེ་སེམས་དཔའ། ཨ་དྷྱ་སིདྡྷི་ཡ་མཾ། དེ་རིང་གྲུབ་ བར་མཛོད་ཅེས་པའོ། །དེ་ནས་ན་མ་ཏེ་སོགས་ཕྱག་སྔགས་བརྗོད་ཅིང་ཕྱག་གསུམ་འཚལ་བའི་མོས་པ་བྱེད་དོ། །དེ་ནས་ཤར་སྒོ་ནས་གསོལ་བ་འདེབས་པའི་སྔགས་ནི། སརྦ་ནི་ཐམས་ཅད་ བཱིད་དཔའ་བོ། ཡོ་གི་ནཱི་བྷྱ་རྣལ་འབྱོར་མ་རྣམས་ལ། པཱུ་ཛ་མཆོད་པ། ཨུ་པ་སྠཱ་ནཱ་ཡ་བསྙེན་བཀུར་བའི་ཕྱིར། ཨཱདྨཱ་ཎཱཾ་ནིརྱ་ཏ་ཡ་མི་ནི་བདག་ཡོངས་སུ་འབུལ་བས། ཊཱ་ཀི་ནི་ནིརྱཱ་ཨ་དཧི་ ཏིཥྛནྟུ་མཾ་ནི་མཁའ་འགྲོ་མ་རྣམས་བསྙེན་བཀུར་བའི་ནུས་པ་ཅན་དུ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའོ། །དེ་བཞིན་དུ་བྱང་གི་སྔགས་ནི། ཨ་བཧི་ཥེ་ཀཱ་ཡ་ནི། དབང་བསྐུར་བའི་ཕྱིར་ཞེས་པ་དང། ལཱ་ མ་ཧྱ་ཨ་བྷིཥིཉྩནྟུ་མཾ་ནི་མཛེས་མས་དབང་བསྐུར་བའི་ནུས་པ་ཅན་དུ་སོགས་འགྲེ། ནུབ་ཀྱི་སྔགས་ནི། པཱུ་ཛ་པྲ་ཝརྟ་ཡ་མཆོད་པ་རབ་ཏུ་བསྐོར་བའི་ཕྱིར། ཁཎྜ་རོ་ཧི་ཏྱ་པྲ་ཝརྟ་ཡནྟུ་མཾ་ནི། དུམ་སྐྱེས་ མས་མཆོད་པ་དང་ཆོས་འཁོར་བསྐོར་བའི་ནུས་པ་ཅན་དུ་སོགས། ལྷོ་སྔགས་ནི། པཱུ་ཛ་ཀརྨཱ་ཎཾ་ནི་མཆོད་པའི་ལས་ཀྱི་ཕྱིར། རཱུ་དེ་དྱ་ཀརྨཱ་ཀརྱནྷུ་མཾ་ནི་གཟུགས་ཅན་མས་ལས་རྣམས་ཕུན་སུམ་ [004B] ཡང། ཤར་སྒོར་བླ་མ་ལ་ཕྱག་བྱ་བ། གུ་རུ་ཙ་ར་ཎཱ་སོགས་ནི། བླ་མ་ལ་མཆོད་པ་དང་བསྙེན་བཀུར་བའི་ཕྱིར་བདག་འབུལ་ལོ་ཞེས་དང། སརྦ་སཏ་པ་རི་སོགས་ནི། སེམས་ ཅན་ཐམས་ཅད་ཡོངས་སུ་སྦྱོང་བའི་ཕྱིར་བདག་གི་ལུས་འབུལ་ལོ་ཞེས་པའོ། །གཞན་རྣམས་གོ་སླའོ། །དེས་བསྐོར་ཕྱག་རྣམས་བསྒྲུབ། དམ་ལ་འཇོག་པ་ལ། ཕན་ཡོན་གྱི་སྒོ་ནས་དམ་ལ་འཇོག་པ་ ནི༑ དེང་ཁྱོད་ཅེས་པ་ནས་གྱུར་ཏ་རེ་ཞེས་པའི་བར་རོ། །དོན་ནི། དེང་ཞེས་པ་ནི། ད་ལྟ་ཉིད་དུ་ཞེས་པའོ། །ཁྱོད་དེ་བཞིན་གཤེགས་པའི་རིགས་ཏེ་ས་བོན་དུ་གྱུར་པ་ཡིན་པས། ངས་ཁྱོད་ལས་ དང་པོའི་ཡེ་ཤེས་ཀྱི་རང་བཞིན་ཅན་སོགས་ཡེ་ཤེས་བསྐྱེད་པར་བྱ་ཡི། དེའི་ཕན་ཡོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་ན་ཐུན་མོང་གི་དངོས་གྲུབ་སྨོས་ཅི་ དགོས། དེ་བས་ན་ཁྱེད་ཀྱིས་དཀྱིལ་འཁོར་གྱིས་མཚོན་པའི་གསང་སྔགས་ཀྱི་གསང་བ་མཐའ་དག་འདི། དཀྱིལ་འཁོར་དུ་ཆོ་ག་རྣམ་པར་དག་བ་ཚད་ལྡན་གྱིས་དཀྱིལ་འཁོར་དུ་ཞུགས་པ་མ་གཏོགས་པ་རྣམས་ ཀྱི་མདུན་དུ་མ་སྨྲ་ཞིག། གལ་ཏེ་སྨྲས་ན་དམ་ཚིག་ཉམས་པས། ནད་ལ་སོགས་པས་སྡུག་བསྔལ་ཞིང་ཤི་ནས་དམྱལ་བ་སོགས་སུ་འགྲོ་བར་འགྱུར་རོ། །ཞེས་པའོ། །ཉེས་དམིགས་ཀྱི་སྒོ་ནས་དམ་ [005A]༄༅། །ལ་འཇོག་པ་ནི། སྤྱི་བོར་རྡོ་རྗེ་བཞག་སྟེ། འདི་ནི་ཁྱོད་ཀྱི་ཞེས་པ་ནས། དྲལ་ཏེ་གཤེགས་ཞེས་པའི་བར་རོ། །དོན་ནི། གསང་བ་མི་སྒྲགས་པ་འདི་འདར་མི་རུང་བས་ ན་དམ་ཚིག་གཞན་གྱིས་མི་ཕྱེད་པས་ན་རྡོ་རྗེ་ཞེས་བྱ་ལ། མགོ་བོར་བཞག་པའི་རྡོ་རྗེ་ལ་མི་བྱེད་དོ། །འགའ་ཞིག་ཅེས་པ་དཀྱིལ་འཁོར་དུ་མ་ཞུགས་པ་སོགས་སྔར་བཞིན་ནོ། །ཚུལ་འདི་སྨྲས་ན་ནི་ མགོ་འགས་པ་ནི་ལུས་ལ་འབྱུང་བའི་ཉེས་དམིགས་སོ། །ཡང་རྡོ་རྗེ་སྙིང་གར་བཞག་ཅིང། དེང་དཔལ་ཧེ་རུ་ཀ་ཁྱོད་ཀྱི་སྙིང་ལ་ཡང་དག་པར་ཞུགས་ཟིན་པ་ཡིན་ནོ། །ནམ་ཞུགས་པ་ཡིན་ཞེ་ན། ཕྱག་ བཞིའི་སྐབས་ལྷ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཐིམ་པའི་ཚེ་ཞུགས་པ་ཡིན། དེ་གསང་ཐུབ་ན་འབྲལ་མེད་དུ་བཞུགས་ནས་བྱིན་གྱིས་བརླབ་ཅིང་དངོས་གྲུབ་སྒྲུབ་ལ། གསང་མི་ཐུབ་པར་སྣོད་མིན་ སོགས་ལ་སྨྲས་ན་དེ་མ་ཐག་ཏུ་དྲལ་ཏེ་སྙིང་ཁ་ནས་ཕྱིར་གཤེགས་ཏེ་རྗེས་སུ་འཛིན་པར་མི་འགྱུར་རོ། །ཕན་ཡོན་དང་ཉེས་དམིགས་གཉིས་ཀྱི་སྒོ་ནས་དམ་ལ་འཇོག་པ་ནི། དུང་ཆོས་ཀྱི་ཆུ་མཐེབ་སྲིན་གྱིས་གཟུང་ལ་ཡི་ གེ་གསུམ་གྱིས་སྔགས་ཏེ་ཁར་བླུད་ལ། འདི་ནི་བུ་ཁྱོད་ཅེས་པ་ནས། བུ་ཞེས་འབོད་ནས་ཁྱོད་ཀྱིས་འཐུང་བའི་ཆུ་འདི་ནི། གསང་སྔགས་ཀྱི་དམ་ཚིག་མ་བསྲུང་ན་ཚ་དམྱལ་སོགས་སུ་སྲེག་པའི་ཁྲོ་ཆུ་ལྟ་བུ་དང། དམ་ [005B] །བཛྲ་ཨུ་ད་ཀ་ནི་རྡོ་རྗེ་ཆུ་ཞེས་པའོ། །ཁྱད་པར་རྩ་ལྟུང་དང་པོ་ལ་དམ་འཇོག་བྱེད་པ་ནི། ཁྱོད་ཀྱིས་སྨད་པར་མི་བྱ་སྟེ་ཞེས་ པ་ནས། དམྱལ་བར་ལྟུང་བར་གྱུར་ཏ་རེ། ཞེས་པ་ནི། རྡོ་རྗེ་སློབ་དཔོན་ལ་སྨད་པར་མི་བྱ་བ་དང། བླ་མའི་བཀའ་ལ་ཉན་པ་སོགས་ཡིན་ལ་གོ་སླའོ། །ཡེ་ཤེས་འབེབས་པ་ལ། དཔའ་བོ་དང་སོགས་ ཀྱིས་གསོལ་བ་བཏབ་ལ། ཆོ་ག་བཞིན་གྱི་དམིགས་པ་བརྟན་པར་བྱ་སྟེ། བུད་མེད་ཀྱི་ཟླ་མཚན་གྱིས་གོས་པའི་གོས་བཏུབས་པ་ལ། བྱི་ལའི་བྲུན། བདུད་རྩི་ལྔ། གུ་གུལ་བསྲེས་པའི་དུ་བ་བདུག་ཅིང་ ཡབ་ཡུམ་གྱི་སྙིང་པོའི་མཇུག་ཏུ་ཏིཥྛ་མཧཱ་ཀྲོ་དྷ་སོགས་ཀྱི་སྔགས་བཏགས་པ་མང་དུ་བརྗོད་ཅིང། རོལ་མོའི་སྒྲ་དང་བཅས་པས་འབེབས་པར་བྱའོ། །རྟགས་ནི་ཀླུ་བྱང་གིས། སྙིང་འདར་དགའ་བ་ཆེས་ པ་དང། །བརྒྱལ་བ་དང་ནི་གར་བྱེད་དང། །འགྱེལ་དང་གྱེན་དུ་འཕར་བ་ནི། །བབས་པའི་མཚན་ཉིད་དུ་ཤེས་བྱ། །ཞེས་པ་ལྟར་ལ། ཡེ་ཤེས་བབས་པའི་ཚེ། རྒྱུད་ལ་ལྷ་རྣམས་ཀྱིས་ བྱིན་གྱིས་བརླབ་པས། ས་དང་པོ་ལ་སོགས་པའི་རང་བཞིན་གྱི་ཡེ་ཤེས་བསྐྱེད་པའི་མོས་པ་བྱེད་དགོས་སོ། །ཡིག་བརྒྱ་འམ། ཏིཥྛ་བཛྲ་ཞེས་བརྟན་པར་བྱའོ། །དེ་ནས། ཡང་དག་པ་ཡི་དཀྱིལ་ [006A]༄༅། །འཁོར་འདིར། །སོགས་ཀྱི་དོན་ནི། ཡང་དག་པའི་དཀྱིལ་འཁོར་འདིར་སློབ་མ་རྣམས་མེ་ཏོག་གཏོར་བའི་ཕྱིར་འཇུག་ལགས་པས་སློབ་མ་འདི་ལྷ་གང་གི་རིགས་ཡིན་ པ་དང། བསོད་ནམས་ཀྱི་མཐུ་ཡང་ཇི་ལྟར་ཡོད་པ་དང། དངོས་གྲུབ་རབ་འབྲིང་ཐ་མ་གསུམ་ཇི་ལྟར་འགྲུབ། ལྷ་གང་གི་རིགས་ཀྱི་སྣོད་དུ་གྱུར་པ་སོགས་དཀྱིལ་འཁོར་དུ་མེ་ཏོག་དོར་བ་ལས་སྟོན་པར་ཤོག་ ཅིག་ཅེས་པའོ། །སྔགས་ནི། གཞན་རྣམས་གོ་སླ་ལ། ཀླུ་ལ་བི་ཤོ་དྷ་ནེ་ནི་རིགས་རྣམ་པར་དག་པ་ཞེས་པའོ། །མེ་ཏོག་འཕྲེང་བ་གཙོ་བོའི་དབུ་ལ་འབུལ་བར་བསམ་ཏེ། པྲ་ཏཱིཙྪ་བཛྲ་ཧོཿ་སོ་སོར་ བཞེས་སུ་གསོལ་རྡོ་རྗེ་ཀྱཻ་ཞེས་པའོ། །པྲ་ཏི་གྷྲིཧྣ་སོ་སོར་གཟུངས་ཤིག་སྟྭཾ་ཁྱོད་ཀྱིས་ཨེ་མཾ་འདི། སཏ་མཧཱ་ཐཱ་ལ་སེམས་དཔའ་སྟོབས་པོ་ཆེ་ཞེས་པའོ། །སྔགས་ཕྱི་མ་འདི་བླ་མས་གསུངས་ཤིང། མེ་ ཏོག་འཕྲེད་བ་སློབ་མའི་དབུ་ལ་བཅིངས་པས། མེ་ཏོག་འཕྲེང་བའི་རིགས་ལྔའི་ཡི་གེ་ལས་བདུད་རྩི་འོད་ཟེར་དང་བཅས་པའི་རྒྱུན་བབས་པས་ལུས་གང་སྡིག་སྒྲིབ་མ་ལུས་པ་སྦྱངས་པར་མོས་པ་བྱའོ། །ལྷག་ པའི་ལྷས་ཚེ་རབས་ཐམས་ཅད་དུ་རྗེས་སུ་བཟུང་བའི་ཐབས་ཁྱད་པར་ཅན་ཡིན་ནོ། །འདི་ཡན་གདོང་གཡོག་དད་བཅས་ཏེ་གཞུགས་པའི་སྐོར་རོ། །ད་དཀྱིལ་འཁོར་མཐོང་བའི་བདག་ཉིད་ཅན་དུ་ [006B] སློབ་དཔོན་དྲིལ་བུ་པས། ཧཱུཾ་གིས་བསྒུལ། རཾ་གྱིས་བསྲེག་ཨོཾ་གྱིས་འོད་གསལ་བར་བྱས། ཞེས་གསུངས་པ་ལྟར། སྙིང་གར་ཉི་མ་ལ་ཧཱུཾ་བསྒོམ་དེ་ལས་འོད་ཟེར་འཕྲོས། དཔྲལ་ བར་རཾ་བསྒོམ་པ་ལ་ཕོག་པས་དེ་ལས་མེ་འོད་རབ་ཏུ་འབར་བ་འཕྲོས་ནས། མིག་འབྲས་སུ་མིག་འབྲས་ཀྱི་ངོ་བོ་ཨོཾ་དཀར་པོ་མོག་མོག་པོར་བསྒོམ་པ་ལ་ཕོག་པས། མ་རིག་པ་སོགས་སྡིག་སྒྲིབ་ཐམས་ཅད་བསྲེགས་ ཏེ་ཨོཾ་ཡིག་གི་མོག་མོག་པོ་ཐམས་ཅད་སངས་ཏེ་དྭངས་གསལ་འོད་ཀྱི་རང་བཞིན་དུ་གྱུར་པར་བསམ་ལ། དཔལ་ཧེ་རུ་ཀ་ད་ལྟ་ཁྱོད་ཀྱི་མིག་ཕྱེ་བ་ལ་བརྩོན་པར་མཛད་ཅིང། དེ་ལྟར་ཕྱེ་བས་གཟུགས་ཅན་གྱི་ ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཐོང་པའི་རྡོ་རྗེའི་མིག་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱན་དང་འདྲ་བར་བླ་ན་མེད་པའོ། །ཞེས་པའོ། །སྔགས་ནི། བཛྲ་ནཻ་ཏྲ་ནི་རྡོ་རྗེའི་མིག་ཨ་པ་ཧ་ར་སོལ་ཅིག་ པ་ཊ་ལཾ་སྒྲིབ་གཡོག་གམ་ལིང་ཏོག་སྟེ། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པའི་སྒྲིབ་པའོ། །ཧྲཱིཤེར་ཕྱིན་མཚོན་པ་པདྨའི་ས་བོན་ནོ། །ད་ནི་དད་པའི་ཤུགས་སོགས་ནི། དེ་ལྟར་ཕྱེ་བས་དད་པའི་ཤུགས་བསྐྱེད་ དེ་དཀྱིལ་འཁོར་འདི་ལ་ལྟོས་ཤིག་ཁྱོད་སངས་རྒྱས་ཀྱི་རིགས་སུ་སྐྱེས་ཤིང། ཕྱག་རྒྱ་དང་སྔགས་ཀྱིས་བྱིན་གྱིས་བརླབ་ཟིན་པས། དངོས་གྲུབ་ཕུན་སུམ་ཚོགས་པ་སྒྲུབ་པའི་ཕྱིར་དམ་ཚིག་མཆོག་ཏུ་སྐྱོང་ [007A]༄༅། །བར་བགྱི། རང་གི་རྡོ་རྗེ་དང་ཕྱག་རྒྱའི་པདྨ་མ་ཉམ་པར་སྦྱར་ནས་རོལ་པ་ཅེས་གདམས་པའོ། །ཧེ་ནི་ཀྱཻ་ཞེས་སློབ་མ་ལ་ འབོད་པའོ། །བཛྲ་རྡོ་རྗེ་ལ། པཱ་ཤྱ་ལྟོས་ཤིག་སྟེ། ཀྱཻ་རྡོ་རྗེ་དཀྱིལ་འཁོར་འདི་ལ་ལྟོས་ཤིག་ཅེས་པའི་དོན་ནོ། །དཀྱིལ་འཁོར་མཐོང་བའི་ཕན་ཡོན་ནི། རྣམ་སྣང་མངོན་བྱང་ལས། བསྐལ་པ་བྱེ་ བ་དུ་མ་རུ། །སྡིག་པ་གང་ཞིག་སྔོན་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་འགྱུར་ན། །ཞེས་དང། འཇམ་དཔལ་རྩ་རྒྱུད་ལས། མཚམས་མེད་པ་དང་ སྡིག་ཅན་ཡང། །རས་བྲིས་མཐོང་བ་ཙམ་གྱིས་ནི། །སྐད་ཅིག་གིས་ནི་གྲོལ་བར་འགྱུར། །ཞེས་གསུངས་སོ། །དེ་ནས་ཕྱི་རིམ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྣམས་ལེགས་པར་ངོ་སྤྲོད་ པར་བྱ་སྟེ་གོ་སླའོ། །དཀྱིལ་འཁོར་དུ་འཇུག་པའི་སྐོར་བཤད་ཟིན་ཏོ།། ༈ བུམ་པའི་དབང། གསང་བའི་དབང། ཤེས་ རབ་ཡེ་ཤེས་ཀྱི་དབང། ཚིག་གི་དབང་དང་བཞི། དང་པོ་ལ་བཅུ་གཅིག་སྟེ། མི་བསྐྱོད་པ་ཆུའི་དབང། རིན་འབྱུང་ཅོད་པཎ་གྱི་དབང། འོད་དཔག་མེད་རྡོ་རྗེའི་དབང། དོན་གྲུབ་དྲིལ་བུའི་དབང་ [007B] སྔགས་བཟླས་ལུང་གི་དབང། རྡོ་རྗེའི་བརྟུལ་ཞུགས་ཀྱི་དབང། ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་ཀྱི་དབང། ལུང་བསྟན་དབུགས་དབྱུང་བའི་དབང། རྡོ་རྗེ་སློབ་དཔོན་གྱི་ དབང༑ སྤྱོད་པ་རྗེས་སུ་གནང་བའི་དབང་དང་བཅུ་གཅིག་ལས། དང་པོ་ནི། མཎྜལ་ཕུལ་ལ། རིག་པ་ཡེ་ཤེས་ལྔའི་དབང་གི་དོན་དུ། ཆོས་བདེན་བདག་ཉིད་སོགས་ཀྱིས་གསོལ་བ་ལན་གསུམ་ བཏབ༑ བླ་མས་ལས་བུམ་གྱི་ཆུས་གཏོར་ཞིང། ལས་སྔགས་ཀྱིས་བསང། སྭ་བྷཱ་ཝས་སྦྱངས། སློབ་མ་དང། རྣམ་རྒྱལ་བུམ་པའི་ཆུ་ནས་དུང་ཆོས་སོགས་སྣོད་དུ་བླང་བ་གཉིས་ཀ་མི་བསྐྱོད་ པ་ཡབ་ཡུམ་དུ་བསྐྱེད་ལ། ཡེ་ཤེས་པ་དགུག་གཞུག་དབང་རྫས་ཀྱི་ལྷ་ལ་དབང་བསྐུར་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་བསམ་ལ། མཆོད་ཅིང། དབང་རྫས་ཀྱི་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པའི་ རྐྱེན་གྱིས་བདེ་བ་ཆེན་པོའི་ངོ་བོར་ཞུ་བ་ཡོངས་སུ་གྱུར་པ་ལས་བུམ་ཆུར་བསམ་པ་ནི། འོག་ནས་འབྱུང་བ། ཅོད་པཎ། རྡོ་རྗེ། དྲིལ་བུ་ལ་ཡང་སྦྱར་ལ། དབང་བསྐུར་བ་ནི། བླ་མའི་ཐུགས་ཁའི་ཧཱུཾ་གི་འོད་ ཟེར་གྱིས་དབང་གི་ལྷ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ཏེ། མཆོད་ནས། རྡོ་རྗེ་ཅན་གྱི་སོགས་ཀྱིས་གསོལ་བ་བཏབ། དེའི་དོན་ནི། རྡོ་རྗེ་ཅན་ནི་རྡོ་རྗེ་འཆང་ངོ། །སངས་རྒྱས་ནི་མི་བསྐྱོད་པ་ [008A]༄༅། །སོགས་སོ། །འགྲོ་བ་རྣམས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཆེད་དུ། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་དབང་ཇི་ལྟར་སྩལ་ཞིང་བསྐུར་བ། དེ་ལྟར་ཁྱོད་དབང་ ལྷ་རྣམས་ཀྱིས་སློབ་མ་འདི་ལ་དབང་བསྐུར་བར་མཛད་དུ་གསོལ། ཞེས་པའོ། །ཞེས་གསོལ་བ་བཏབ་པས། མདུན་གྱི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཁྭ་གདོང་མ། འུག་གདོང་མ། ཁྱི་གདོང་མ། ཕག་ གདོང་མ་སྟེ་སྒོ་མ་བཞི་དང། གཤིན་རྗེ་བརྟན་མ། གཤིན་རྗེ་ཕོ་ཉ་མོ། གཤིན་རྗེ་མཆེ་བམ། གཤིན་རྗེ་འཇོམས་མ་སྟེ་མཚམས་མ་བཞི་སྟེ་བརྒྱད་ཀྱིས་བགེགས་བསྐྲད་པའི་འཕྲིན་ལས་མཛད། ཁཎྜ་ཀ་ པཱ་ལ་དང་མཧཱ་ཀངྐ་ལ་ལ་སོགས་པའི་དཔའ་བོ་ཉེར་བཞི་རྣམས་ཤིས་བརྗོད་བྱ། རབ་གཏུམ་མ་དད་གཏུམ་མིག་མ་ལ་སོགས་པ་དཔའ་མོ་ཉེར་བཞིས་རྡོ་རྗེའི་གླུ་དབྱངས་ལན། གཟུགས་རྡོ་རྗེ་མ་ལ་སོགས་པས་ མཆོད་པ་བྱས། གཙོ་བོ་དང་བསྒྲུབ་པའི་དཀྱིལ་འཁོར་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་ཕག་མོ་དང་ལྔས་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་དབང་བསྐུར་བར་མོས་ནས་ བཀྲ་ཤིས་གང་ཞིག་སོགས་ཀྱིས་ཤིས་པ་བརྗོད་ཅིང། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །སོགས་ནི། དབང་བསྐུར་བ་ལ་རྡོ་རྗེ་ཆེན་པོ་ཞེས་པའི་རྒྱུ་མཚན་ནི། དོར་དུ་མི་རུང་བས་ན་རྡོ་རྗེ། ཁམས་གསུམ་གྱི་ [008B] ཁམས་གསུམ་ཀུན་གྱིས་ཕྱག་འོས་སུ་གྱུར་པས་ན་ཕྱག་བྱས་པ། རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་གསང་གསུམ་དབྱེར་མེད་པའི་གནས་ལས་བྱུང་བ་དེ་ཁྱོད་ལ་སྦྱིན་པར་བྱའོ་ཞེས་པའོ།། ཙཀྲ་པཱི་ར། དཔའ་བོའི་འཁོར་ལོ་ཞེས་པའོ། །དེ་ལྟར་དབང་བསྐུར་བ་སོགས་ནི་གོ་སླ་ལ། དབང་ལྷ་མི་བསྐྱོད་པ་ཡབ་ཡུམ་གྱི་རྣམ་པར་བཀུག་ནས་བསྟིམ་པས་མི་བསྐྱོད་པའི་ངོ་བོར་བསམ་ལ། མཆོད་པར་ བྱའོ༑ ༑དག་པ་བརྗོད་པ་ནི། རིགས་ལྔའི་དབང་གི་ནང་ནས་མི་བསྐྱོད་པ་ཆུའི་དབང་ཐོབ། དུག་ལྔའི་ནང་ནས་ཞེ་སྡང་སྟེ། རང་བཞིན་གྱིས་དམིགས་པ་ལ་ཀུན་ནས་མནར་སེམས་པའི་རྣམ་པར་འཇུག་པའི་ སེམས་བྱུང་གི་དྲི་མ་སྦྱངས། ཕུང་པོ་ལྔའི་ནང་ནས་རྣམ་ཤེས་ཚོགས་དྲུག་གི་ཕུང་པོ་གནས་བསྒྱུར། ཡེ་ཤེས་ལྔའི་ནང་ནས་འབྲས་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། རྒྱལ་བ་རིགས་ལྔའི་ནང་ནས་ མི་བསྐྱོད་པ་དང་དེའི་རིགས་ལ་དབང་བར་བྱས་སོ། །ཞེས་བརྗོད། དེ་ནི་འོག་མ་བཞི་ལ་ཡང་སྦྱར་ལུགས་ཤེས་དགོས་སོ། །དགོས་པ་ཁྱད་པར་བ་ནི། ཆུའི་དབང་གིས་གང་གི་རིགས་ཅན་དུ་སོང་བའི་རིགས་དེ་ལ་ སྒྲིབ་པ་མ་རིག་པའི་དྲི་མ་འཁྲུར་པའི་བག་ཆགས་འཇོག་གོ། །།གཉིས་པ་ཅོད་པཎ་གྱི་དབང་ལ། མི་བསྐྱོད་པ་ཡབ་ཡུམ་ཞེས་པ་སོགས་རིན་འབྱུང་སོགས་སུ་བསྒྱུར་བ་མ་གཏོགས་ཕལ་ཆེར་སྔ་མ་འདྲ་ལ་ [009A]༄༅། །ཁྱད་པར་ནི། དབང་བསྐུར་བའི་སྐབས་སུ། མདུན་གྱི་ནམ་མཁར་སྤྱན་དྲངས་པའི་རྒྱལ་བ་དཔའ་བོ་ཡབ་ཡུམ་རྣམས་ངོ་བོ་རིན་འབྱུང་ལ་རྣམ་པ་གསེར་སྦྱངས་ལས་གྲུབ་པའི་ཅོད་པཎ་དར་ དབྱངས་དང་བཅས་པ་བཟུང་བ་མང་པོ་གཅིག་ལ་གཅིག་ཐིམ་པའི་མཐར་བླ་མ། ལས་ཀྱི་རྡོ་རྗེ་ལ་བསྡུས་ནས། བླ་མས་སློབ་མའི་མགོར་བསྐྱོན་བྱུང་སྙམ་པ་དང། སྔགས་ནི་ཡུམ་བཞི་ཕག་མོ་ལྔའི་ཉེ་སྙིང་ངོ། །སྔགས་ བརྗོད་ཅིང་ཅོད་པཎ་བསྐོན་དུས། ཅོད་པཎ་ལས་བདུད་རྩི་ལྔའི་རྒྱུན་བབས་པས་ལུས་གང་ཞིང་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག་པར་བསམ་མོ། །ཆུ་དབང་ནི་གོང་ལྟར་རོ། །དག་པའི་སྐབས་སུ་རིན་ འབྱུང་ཅོད་པཎ་གྱི་དབང། དྲི་མ་ང་རྒྱལ་དང་སེར་སྣ། ཕུང་པོ་ཚོར་བ། འབྲས་དུས་ཀྱི་མཉམ་ཉིད་ཡེ་ཤེས་སོ། །ཁྱད་པར་ཅན་ནི། ཅོད་པཎ་གྱི་དབང་གིས་མ་འོངས་པ་ན་རིགས་བདག་གང་གིས་བྱེད་པ་ དང༑ གཙུག་ཏོར་བསྐྱེད་པའི་ནུས་པ་འཇོག་གོ། །།གསུམ་པ་རྡོ་རྗེའི་དབང་ལ། འོད་དཔག་མེད་ཡབ་ཡུམ་དུ་བསྐྱེད་པ་སོགས་སྔར་བཞིན། དབང་བསྐུར་བའི་སྐབས་སུ། མདུན་གྱི་ ནམ་མཁར་སྤྱན་དྲངས་པའི་རྒྱལ་བ་དཔའ་བོ་ཡབ་ཡུམ་ཕྱག་ན་འོད་དཔག་མེད་ཀྱི་ངོ་བོ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ་རེ་དཔག་ཏུ་མེད་པ་གཅིག་ལ་གཅིག་ཐིམ་པའི་མཐར་རྡོ་རྗེ་གཅིག་ཏུ་གྱུར་པས་དབང་བསྐུར་བར་ [009B] །ཚིགས་བཅད་ཀྱི་དོན་ནི། ཧེ་རུ་ཀ་སྟེ་དཀྱིལ་འཁོར་གྱི་གཙོ་བོ་དང། དཔའ་བོ་རྣམས་དང་སོགས་སྒྲས་དཔའ་མོ་རྣམས་ཀྱིས་དེར་སྟེ་ད་ལྟ་ཁྱོད་རིགས་ཀྱི་བདག་པོར་དབང་བསྐུར་བས་ན། དབང་ འདི་ནི་སངས་རྒྱས་དེ་དག་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཡེ་ཤེས་འགྲུབ་པའི་རྒྱུ་ཡིན་པས་དེའི་ཕྱིར་རྡོ་རྗེ་འདི་བཟུང་ཞིག་ཅེས་པའོ། །གཞན་རྣམས་སྔར་བཞིན་ལ། རྡོ་རྗེ་ལག་པ་གཡས་སུ་བཏང་ཅིང། སྙིང་ མགྲིན་སྤྱི་བོར་རེག་པའི་ཚེ། རྡོ་རྗེ་ལས་བདུད་རྩི་བབས་པས་སྡིག་སྒྲིབ་དག་པར་བསམ་མོ། །དག་པའི་སྐབས་སུ། འོད་དཔག་མེད་རྡོ་རྗེའི་དབང། ཉོན་མོངས་པ་འདོད་ཆགས། ཕུང་པོ་འདུ་ ཤེས༑ ཡེ་ཤེས་ནི་འབྲས་དུས་ཀྱི་སོར་རྟོག་ཡེ་ཤེས་སོ། །ཁྱད་པར་ཅན་ནི། རྡོ་རྗེའི་དབང་གིས་ཐོབ་བྱ་སངས་རྒྱས་དེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་པའི་ནུས་པ་འཇོག་གོ། ༈ །། བཞི་པ་དྲིལ་བུའི་དབང་ལ། དོན་གྲུབ་ཡབ་ཡུམ་དུ་བསྐྱེད་པ་མ་གཏོགས་ཕལ་ཆེར་གོང་བཞིན་ལ། དབང་གི་སྐབས་སུ། མདུན་གྱི་ནམ་མཁར་བཞུགས་པའི་དཔའ་བོ་ཡབ་ཡུམ་རྒྱལ་བ་རྣམས་ཀྱིས་ དོན་གྲུབ་ཀྱི་ངོ་བོ་ཡིན་པ་ལ་རྣམ་པ་དངུལ་དཀར་གྱི་དྲིལ་བུ་བསྣམས་པ་གྲངས་མེད་པས་གཅིག་ལ་གཅིག་ཐིམ་པའི་མཐར། དོན་གྲུབ་ཀྱི་ངོ་བོ་དྲིལ་བུ་གཅིག་ཏུ་གྱུར་པས་དབང་བསྐུར་བར་བསམ་ལ། དྲིལ་ [010A]༄༅། །བུ་ལས་བདུད་རྩིའི་རྒྱུན་བབས་པས་ལུས་ཐམས་ཅད་གང་སྡིག་སྒྲིབ་བྱང་བར་བསམ་པ་སྔར་བཞིན་ལ། དྲིལ་བུ་ལག་པ་གཡོན་དུ་གཏད། ཚིགས་བཅད་ནི། རྣལ་འབྱོར་མ་ ཐམས་ཅད་ཀྱི་ཤེས་རབ་ནི་སྟོང་པ་ཉིད་ལ་དམིགས་ཤིང། རང་གི་ལྷུན་གྱིས་གྲུབ་པའི་དབྱངས་ཀྱིས་འགྲོ་བ་ལ་ཆོས་སྟོན་པར་བྱེད་དོ། །དྲིལ་བུ་འདི་ཡང་དེ་དང་འདྲ་སྟེ། དབྱངས་ཀྱི་རྗེས་སུ་འགྲོ་བའི་ཤེས་ རབ་ཉིང་སྟོན་པས་སོ། །ཁྱོད་ཀྱིས་ཀྱང་དོན་དྲན་པའི་སྒོ་ནས་དྲིལ་བུ་དཀྲོལ་ཞིག་དེ་ལྟར་བྱས་ན་བྱང་ཆུབ་མཆོག་ཏུ་འགྱུར་བར་རྒྱལ་བ་བཞེད་དོ། །དཔའ་བོ་ཞེས་འབོད་ནས། རྡོ་རྗེ་དྲིལ་བུ་ལག་ཏུ་ བཟུང་བར་གྱིས་ཤིག་དེ་ཡང་རང་ཉིད་རང་བཞིན་གྱིས་མཛེས་པའི་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརློབ་པར་གྱིས་ཤིག་ཅེས་པའོ། །རྡོ་རྗེ་དྲིལ་བུ་ཞེས་པ་དྲིལ་བུ་གཅིག་ཅིག་ལ་རྡོ་རྗེ་ དྲིལ་བུ་ཞེས་པ་ཡིན་ལ། རལ་གྲི་གཅིག་ལ་རྡོ་རྗེ་རལ་གྲི་ཟེར་བ་ལྟ་བུའོ། །དག་པའི་སྐབས་སུ། དོན་གྲུབ་དྲིལ་བུའི་དབང། ཉོན་མོངས་པ་ཕྲག་དོག་ཕུང་པོ་འདུ་བྱེད། འབྲས་དུས་ཀྱི་བྱ་གྲུབ་ཡེ་ ཤེས་སོ། །ཁྱད་པར་ཅན་ནི། དྲིལ་བུའི་དབང་གིས་ཐོབ་བྱ་སངས་རྒྱས་དེའི་ཆོས་ལུང་བརྒྱད་ཁྲི་བཞི་སྟོང་འདོམས་པའི་གསུང་གི་ནུས་པ་འཇོག་གོ། །།ལྔ་པ་རྣམ་སྣང་མིང་གི་དབང་ལ་ [010B] རང་ཉིད་རྣམ་སྣང་ཡབ་ཡུམ་དུ་བསྐྱེད་པ་ནི་གོང་བཞིན་ལ། དབང་བསྐུར་བའི་སྐབས་སུ། མདུན་གྱི་ནམ་མཁར་བཞུགས་པའི་རྒྱལ་བ་དཔའ་པོ་དཔའ་མོ་རྣམས་མགྲིན་ གཅིག་ཏུ་ཀྱཻ་ཞེས་འབོད་ནས། མེ་ཏོག་ཕོག་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་ནས་འབོད་དེ་མིང་གི་དབང་བསྐུར་བར་བསམ་ལ། སྔགས་ནི། བཛྲ་སཏ་སྟྭཾ་ནི་རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་འཆང་ གིས་ཁྱོད་ལ། བཛྲ་ནཱ་མཿ་རྡོ་རྗེ་མིང་གི་ཞེས་པའོ། །ཨ་བཧི་ཥེ་ཀ་ཏ་ནི་དབང་བསྐུར་རོ། །ཞེས་པའོ། །དབང་ཇི་ལྟ་བུ་ཞིག་ན་རང་རང་གི་རིགས་ཀྱི་མིང་གིས་དབང་བསྐུར་རོ། །ཞེས་པའི་དོན་ནོ། ། དག་པའི་སྐབས་སུ། རྣམ་སྣང་མིང་གི་དབང། ཉོན་མོངས་པ་གཏི་མུག་ཕུང་པོ་གཟུགས་ཕུང། འབྲས་དུས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཁྱད་པར་ཅན་ནི། མིང་གི་དབང་གིས་གང་དུ་ འཚང་རྒྱ་བའི་སངས་རྒྱས་ཀྱི་མཚན་གྱི་ནུས་པ་ཁྱད་པར་ཅན་འཇོག་པའོ། །དེ་ཡན་ཐུན་མོང་བ་རིག་པ་ཡེ་ཤེས་ལྔའི་དབང་ངམ། རྡོ་རྗེ་སློབ་མའི་དབང་ཞེས་བྱའོ།། །།དྲུག་པ་སྔགས་བཟླས་ ལུང་གི་དབང་ལ། གཞན་རྣམས་གོ་སླ་ལ། ཧཱུཾ་གི་མཐར་འཁོད་པའི་སྔགས་འཕྲེང་ལས་བདུད་རྩི་འོད་ཟེར་དང་བཅས་པའི་རྒྱུན་བབས་པས་ལུས་ཐམས་ཅད་གང། སྡིག་སྒྲིབ་ཐམས་ཅད་དག་པར་ [011A]༄༅། །བསམ་མོ། །འདི་ནི་སོགས་ཚིགས་བཅད་ནི། སྔགས་ཀྱི་དབང་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡིན་ཅིང། ཡེ་ཤེས་མཆོག་སྐྱེད་པར་བྱེད་པ་དང། སངས་རྒྱས་ ཐམས་ཅད་ཀྱི་དངོས་གྲུབ་བསྡུ་པར་བྱེད་པ་ཡིན་པས་ཁྱོད་ཀྱིས་ཀྱང་རྟག་ཏུ་བཅང་བར་བྱོས་ཤིག་པའོ།། །།བདུན་པ་རྡོ་རྗེ་བརྟུལ་ཞུགས་ལ། སློབ་མ་དང། རྡོ་རྗེ་གཉིས་ཀ་རྡོར་སེམས་ཡབ་ ཡུམ་དུ་བསྐྱེད་ནས་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་ཤིན་ཏུ་འཕྲོ་བར་གྱུར་པར་བསམ་ལ། འདི་ནི་སོགས་ནི་རྡོ་རྗེ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ ཤེས་ཀྱི་མཚོན་བྱེད་ཡིན་པས་སོ། །ཧེ་རུ་ཀའི་ཕྱག་ན་ཡང་འདི་ལྟ་བུ་ཡོད་པ་ཡིན་ཞེས་པ་དང། ཧེ་རུ་ཀའི་བརྟུལ་ཞུགས་ཡིན་པས། ཁྱོད་ཀྱིས་ཀྱང་རྟག་ཏུ་བཅང་བར་བྱའོ། །ཅིའི་ཕྱིར་ན་ཧེ་རུ་ཀའི་ བརྟུལ་ཞུགས་བརྟན་པའི་ཕྱིར་དུའོ། །ཞེས་པའོ། །སྔགས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པའི་རྡོ་རྗེའི་དམ་ཚིག་འདི་བདག་ལ་ཞུགས་ཤིག་རྡོ་རྗེ་སེམས་དཔར་བཟུང་བར་བགྱིའོ། ། ཧ་བཞི་དང་ཧི་ལྔས་ཡེ་ཤེས་ལྔ་མཚོན་པའོ། །དེའི་རྟགས་སུ་སྙིང་གར་རྡོར་སེམས་ཡབ་ཡུམ་ཞུགས་པར་བསྒོམས་ལ། བླ་མས་ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་དང་མི་འབྲལ་བར་གྱིས་ཤིག་པའི་བཀའ་ [011B]། །།བརྒྱད་མཐུན་མོང་མ་ཡིན་པའི་བརྟུལ་ཞུགས་ཀྱི་སྐབས་སུ། བདེ་མཆོག་ཡབ་ཡུམ་དུ་བསྐྱེད་ལ། བརྟུལ་ཞུགས་རྣམས་བྱིན་ནོ། །ཧེ་རུ་ཀ་དཔལ་ཕྱག་རྒྱ་ནི། ། སོགས་ནི། དཔལ་ཧེ་རུ་ཀའི་ཕྱག་རྒྱ་སྟ་རྟགས་ནི། ཕྱི་ནང་གཉིས་ཀར་ཡང་དག་པར་གནས་སོ། །ཕྱི་ནི། ཁ་ཊཱཾ་ཀ་དང། ཅང་ཏེའུ་སྟེ་ཊཱ་མ་རུ། ལྷུང་བཟེད་སྟེ་ཐོད་པ། ཚངས་སྐུད་རྣམས་ཡིན་ དཔའ་བོ་ཞེས་འབོད་ནས་ཁྱོད་ཀྱིས་བླང་བར་གྱིས་ཤིག་ཅེས་པའོ། །ནང་ནི་ཁ་ཊཱཾ་ཀ་ཧེ་རུ་ཀའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཐབས་བདེ་བ་ཆེན་པོ་མཚོན། ཊཱ་མ་རུ་བདག་མེད་རྟོགས་པའི་ཤེས་རབ་ སྟོང་པ་ཉིད་དང། ཐོད་པ་དེ་གཉིས་གཉིས་སུ་མེད་པར་རྟོགས་ཤིང་སྐྱོང་བ། ཚངས་སྐུད་རྣམ་པར་མི་རྟོག་པའི་ཐུགས་མཚོན་པའི་མཚོན་བྱེད་དུ་བཅང་བར་གྱིས་ཤིག་པར་གདམས་པའོ། །དེའི་མཚོན་བྱེད་ དུ་སྙིང་ཀར་ཧེ་རུ་ཀ་ཡབ་ཡུམ་བསྒོམ་པར་བྱའོ།། །།དགུ་པ་ལུང་བསྟན་དབུགས་ཕྱུང་བའི་དབང་ལ། སྔོན་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རང་གི་འཁོར་རྣམས་ལ་ལུང་སྟོན་ པའི་ཆ་ལུགས་སུ་བྱས་ནས་ལུང་སྟན་པ་དགོས་པར་གསུངས་པས། ཆོས་གོས་ཀྱི་གྲྭ་ལག་པ་གཡོན་པས་སེངྒེའི་རྣ་བ་ལྟར་བྱས་ཏེ་སྙིང་གར་བཟུང། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བཅས་ཏེ། མདུན་གྱི་ [012A]༄༅། །ནམ་མཁར་གནས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་བཅས་པས་མགྲིན་གཅིག་ཏུ་སློབ་མ་ལ་ཁྱོད་ཅེས་པོས་ནས། འཁོར་ལོ་གསུམ་གྱི་བདག་ཉིད་དུ་གྱུར་པ་བླ་མ་ཧེ་རུ་ཀ་ངས་ ལུང་འདི་ལྟར་དུ་བསྟན་ནོ། །ཇི་ལྟར་ན་སངས་རྒྱས་ཀུན་གྱི་རང་བཞིན་ཧེ་རུ་ཀ་སོགས་མེ་ཏོག་གང་ལ་ཕོག་པའི་དེ་བཞིན་གཤེགས་པར་འགྱུར་བ་ཡིན་ནོ་ཞེས་པའོ། །ཤྲཱི་ཧེ་རུ་ཀ་ནི་དཔལ་ཁྲག་འཐུང་ངོ།། ཌཱ་ཀི་ནི་མཁའ་འགྲོ་མ། ནཱ་མ་ཞེས་བྱ་བ། ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ། སིདྡྷི་གྲུབ་པ། ས་མ་ཡ་རྟོགས་པ། སྟྭཾ་ཁྱོད། བཧུར་ནི་ས་འོག་བཧུ་ཝས་སྟེང། སྭ་མཐོ་རིས་སོ། །ཨ་ནི་དེ་རྣམས་ཀྱི་ ཆོས་ཉིད་ལ་འཇུག་པ་ཡི་ནོ། །ཁམས་གསུམ་སོགས་ནི་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དུ་ལུང་བསྟན་ཐོབ་པས་ཁྱོད་ཀྱིས་ཁམས་གསུམ་ཐམས་ཅད་ཀྱི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་དཔལ་དང་ལྡན་ཅིང་ཡོན་ཏན་ མ་ལུས་པ་འབྱུང་བའི་གནས་སུ་གྱུར་པས། བདུད་ཀྱི་ཚོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང། ཐར་པའི་གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན་ནོ། །ཞེས་དབུགས་ཕྱུང་པའོ།། །།བཅུ་པ་རྡོ་རྗེ་ སློབ་དཔོན་གྱི་དབང་ལ། མཎྜལ་ཕུལ། གསོལ་བ་ལན་གསུམ་བཏབ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ [012B] སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུབ་ཅན། གཡས་སུ་རྒྱལ་མཚན། གཡོན་དུ་བ་དན་ཏེ་འཕན། མཐའི་ཕྱོགས་ ཀུན་དུ་དུང་གཡས་འཁྱིལ། འཁོར་ལོ། པདྨ། བྲུམ་པ་སོགས་མཆོད་པའི་སྤྲིན་དང་བཅས་པར་བསམས་ནས། བསང་སྦྱངས་སྔོན་དུ་བཏང་བའི་པདྨ་དང་ཉི་མའི་སྟེང་དུ་རྡོ་རྗེ་འཆང་ཡབ་ཡུམ་དུ་བསྐྱེད་ནས་ དམ་ཚིག་གསུམ་སྦྱིན་པ་ལ། རྡོར་དྲིལ་བསང་སྦྱངས་རྡོར་སེམས་ཡབ་ཡུམ་དུ་བསྐྱེད་པ་ཞུབ་ལས་བྱུང་བའི་རྡོར་དྲིལ་དུ་བསམས་ནས། འདི་དེ་སངས་རྒྱས་སོགས་ནི་གོང་བཞིན་ལ། ཐོག་མཐའ་མེད་ པའི་སོགས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོག་མ་དང། ཐ་མ་མེད་པའི་སེམས་ཀྱི་རྒྱུན་རང་བཞིན་གྱིས་རྣམ་པར་དག་པ་བསྒོམ་པས། ས་རྣམས་རང་རང་གི་ངོ་སྐལ་གྱི་བློ་བུར་བའི་དྲི་མ་རིམ་གྱིས་ སྤངས་ཏེ་མཐར་ཐུག་ཆོས་སྐུ་དང་ལྡན་པའི་རྡོ་རྗེ་སེམས་དཔའ་དགའ་པ་ཆེན་པོ་ནི་ཆོས་ཀུན་གྱི་བདག་ཉིད་ཆོས་ཀྱི་དབྱིངས་ཀུན་ཏུ་བཟང་པོ་ལས་བྱུང་བའོ། །རྡོ་རྗེ་འཆང་དེ་རྡོ་རྗེ་སྙེམས་མ་འམ་རྡོ་རྗེ་དབྱིངས་ཀྱི་ དབང་ཕྱུག་མའི་བདག་པོ་རྡོ་རྗེ་སེམས་དཔའི་བདག་ཉིད་དུ་མོས་པར་བྱའོ། །ལྷ་ །མཧཱ་ [013A]༄༅། །བཛྲ་ནི་རྡོ་རྗེ་ཆེན་པོ་ཞེས་པའོ། །སྟོང་པ་ཉིད་དང་དབྱེར་མེད་པའི་རྒྱལ་བའི་ཐུགས་རྒྱུད་ཀྱི་ཡེ་ཤེས་ནི་ངེས་དོན་གྱི་རྡོ་རྗེ་ཡིན་ལ། དེ་དྲན་པའི་ཆེད་དུ་དྲང་དོན་གྱི་ཕྱག་ཚད་དང་ལྡན་པའི་རྡོ་རྗེ་འདི་ཟུངས་ ཤིག་ཅེས་པའོ། །དྲིལ་བུའི་སྐབས་ཀྱི་ཚིགས་བཅད་དང་པོ་ནི་གོང་ལྟར་ལ། སྲིད་པ་ནི་འཁོར་པའོ། །འཁོར་བ་དེར་སྐྱེ་བའི་རྒྱུ་ངོ་བོ་ཉིད་དེ་རང་བཞིན་གྱིས་དག་པའོ། །དེ་ལྟར་དག་པར་རྟོགས་པའི་ཤེས་རབ་ ཀྱིས་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་སྲིད་པ་དང་བྲལ་བར་བྱས་པའོ། །བྱང་ཆུབ་སེམས་དཔའ་མཆོག་ནི་རང་བཞིན་གྱིས་དག་པའོ། །ཇི་ལྟར་དག་ན། དེ་ལ་བདེན་པར་ཞེན་པ་ཟད་པར་མཛད་ནས། སྲིད་པ་དམ་པ་ སྟེ་མི་གནས་པའི་མྱང་འདས་ཀྱི་རང་བཞིན་དུ་མཛད་དོ། །ཕྱག་རྒྱའི་དམ་ཚིག་གི་སྐབས་སུ། ཡིད་ཀྱི་ལུས་རྡོ་རྗེ་སློབ་དཔོན་གྱི་དབང་གི་ངོ་བོར་གྱུར་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་བརྟན་པར་བྱ་བ་ཉིད་ཀྱི་ཆེད་དུ་ ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། སྒྲུབ་པ་པོ་གང་གིས་ཡེ་རྒྱའི་ལུས་ནི་རྣམ་པ་ཐམས་ཅད་དུ་བརྟན་པར་བྱས་པ་དེས་ན་ཕྱག་རྒྱར་རབ་ཏུ་སྒྲགས་ཞེས་རྡོ་རྗེ་འཆང་ཡབ་ཡུམ་ཁ་སྦྱོར་དུ་སྦྱར་བའི་རིམ་པས་བྱིན་གྱིས་བརླབ་ནས་ འཁྱུད་པའི་ཚུལ་དུ་བྱས་པའོ། །ཤེས་རབ་བཅུ་དྲུག་སོགས་ཀྱི་ཚིག་གོ་སླ་ཞིང། དོན་ནི། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་གསུམ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་དངོས་ཡིན་ལ། དེ་ཡང་འཁྱུད་པ་ཙམ་གྱི་བདེ་བ་སྟོང་ཉིད་དུ་སྦྱར་ནས་ [013B] སྙོམས་པར་འཇུག་པ་སོགས་ནི་མ་ཡིན་ནོ། །འདིའི་སྐབས་སུ་དོགས་གཅོད་མང་དུ་ཡོད་ཀྱང་ཡི་གེ་མང་བས་དེ་ཙམ་མོ། །ཆུ་དབང་གོང་བཞིན་བསྐུར་ནས་དབང་ལྷ་སྦྱི་བོ་ནས་ཐིམ་ ཞིང། སུ་པྲ་ཏིཥྛའི་སྔགས་ཀྱིས་བརྟན་པར་བྱས་ལ། མཆོད་པར་བྱའོ།། །།བཅུ་གཅིག་པ་རྗེས་སུ་གནང་བའི་དབང་ལ། འདོད་ཡོན་ལ་ལོངས་སྤྱོད་པའི་རྗེས་གནང། ལྷ་མཆོད་པའི་རྗེས་གནང་ སེམས་ཅན་གྱི་དོན་བྱེད་པའི་རྗེས་གནང་ལ། དེ་ཉིད་རིག་པའི་སོགས་དང། བདག་ཉིད་དཔའ་པོ་སོགས། རྟེན་ཅིང་འབྲེལ་བར་སོགས་ཚིགས་བཅད་ཀྱི་དོན་ནི། རིམ་པ་བཞིན། བདེ་སྟོང་དབྱེར་མེད་པའི་དེ་ཉིད་ རིག་པའི་སྒོ་ནས་འདོད་པའི་ཡོན་ཏན་ལ་སྤྱད་པར་བྱའོ། །ཞེས་དང། རང་ཉིད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་འདུས་པའི་བདག་ཉིད་ཧེ་རུ་ཀར་བལྟས་ལ་བདག་ཉིད་མཆོད་པར་བྱའོ། །ཞེས་དང། སྣོད་བཅུད་ ཐམས་ཅད་སྒྱུ་མ་ལྟར་ཤེས་པར་གྱིས་ལ་སེམས་ཅན་གྱི་དོན་བྱོས་ཤིག་ཅེས་པའོ། །དབང་བཅུ་གཅིག་པོ་དེས་བུམ་པའི་དབང་ཐོབ། གཙོ་བོར་ལུས་ཀྱི་དྲི་མཐུན་མོང་པ་སྲོག་གཅོད། མ་བྱིན་ལེན། འདོད་ལོག་ སོགས་ཀྱི་སྡིག་སྒྲིབ་དང། ཐུན་མོང་མ་ཡིན་པ་ལུས་ཐ་མལ་དུ་སྣང་ཞིང་ཞེན་པའི་དྲི་མ་འཁྲུད། བསྐྱེད་རིམ་ཟབ་མོ་བསྒོམ་པ་ལ་དབང། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པ་ཡིན་ཞེས་པ་ [014A]༄༅། །ནི་དབང་གི་དག་པའོ།། །།གཉིས་པ་གསང་བའི་དབང་ལ། ཕྱག་དང། མཎྜལ་ཕུལ་ལ། བླ་མ་ལ་རིག་མ་མཚན་ཉིད་དང་ལྡན་པ་ཕུལ་བའི་མོས་པ་ཡང་བྱ། སྐྱོབ་མེད་ སྐྱོབ་པ་སོགས་ཀྱིས་གསོལ་བ་བཏབ། ཡི་གེ་གསུམ་གྱིས་བསྲུང་ལ་སློབ་མ་འོད་དཔག་མེད་དུ་བསྐྱེད། བླ་མ་ཧེ་རུ་ཀར་གསལ་བ། སྔར་ཕུལ་བའི་རིག་མ་དེ་བསང་སྦྱངས། རྡོ་རྗེ་ཕག་མོར་བསྐྱེད་བླ་མ་ ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབ་ལ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་དཔའ་བོ་དང། དཔའ་མོ་རྣམས་བཀུག་ནས་ཆོག་བཞིན་བྱས་ལ། དགའ་བ་བཞི་རིམ་གྱིས་བསྐྱེད་དེ་ནོར་བུའི་རྩེར་འཕོ་ མེད་དུ་བཟུང་བདེ་མཐེབ་སྲིན་གྱིས་བཙིར་ཏེ་བླང་ནས་སློབ་མའི་ལྕེ་ཐོག་ཏུ་བཞག་པའི་མོས་པ་བྱེད་དགོས་ལ། གསང་རྫས་བྱིན་གྱིས་བརླབ་ཅིང། འདི་དེ་དཔའ་པོ་སོགས་བརྗོད་ལ། སངས་རྒྱས་ཐམས་ཅད་འདུས་བའི་ངོ་བོ་ རང་གི་ལུས་ལ་གནས་པའི་རྒྱལ་བ་རྣམས་ཚིམ་པར་བྱ་བ་དང། བྱང་ཆུབ་ཀྱི་སེམས་ལས་མི་གཡོ་བའི་བསམ་བས་མྱང་ལ། གསང་བའི་རྫས་དམ་པ་འདི། དཔའ་བོ་ལྷ་མོ་རྣམས་ཀྱི་དམ་ཚིག་ཆེན་པོ་རྨད་དུ་བྱུང་བ། ས་ཁམས་ རྣམ་པར་དག་བ་སོགས་ཁམས་ལྔ་རྣམ་པར་དག་པ་དང། རོ་རྟོགས་པར་བྱེད་པའི་བདེ་བ་ཆེན་པོ་ཡིན་པས་མྱང་བར་གྱིས་ཤིག་ཇི་ལྟར་སྔོན་རྡོ་རྗེ་འཆང་ལ་སོགས་པ་སངས་རྒྱས་རྣམས་ཀྱིས། རང་གི་རྒྱལ་སྲས་རྣམས་ལ་དབང་ [014B] བྱང་ཆུབ་ཀྱི་སེམས་བཟང་པོ་གསང་བའི་དབང་འདི་སློབ་མ་ཁྱོད་ལ་བསྐུད་རོ། །སྔགས་ནི། ཀྱེ་མ་བདེ་བ་ཆེན་པོ་ཞེས་པའོ། །དེ་ལྟར་མྱངས་བས་བདེ་བ་དཔག་ཏུ་མེད་པ་སྐྱེ་ཞིང། བདེ་བདེ་སྟོང་ པར་ངེས་པའི་བདེ་སྟོང་དབྱེར་མེད་དུ་སྦྱར་བ་ནི་གསང་དབང་གི་ངོ་བོ་ཡིན་ལ། བརྟན་བྱེད་དུ་བླ་མའི་ཐུགས་ཀ་ནས་ཧེ་རུ་ཀ་ཡབ་ཡུམ་བྱོན་ཏེ་མགྲིན་པར་ཐིམ་བས། གསང་དབང་གི་བདེ་སྟོང་དབྱེར་མེད་དེ་ཤིན་ཏུ་རྒྱས་ཤིང་ བརྟན་པར་གྱུར་པར་མོས་ལ་ཡི་གེ་གསུམ་བརྗོད་པར་བྱའོ། །དག་པ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། གཙོ་བོར་ངག་གི་དྲི་མཐུན་མོང་བ་བརྫུན། ཚིག་རྩུབ། ཕྲ་མ་ ངག་འཁྱལ་སོགས་དང། ཐུན་མོང་མ་ཡིན་པ་རླུང་སྔགས་སོ་སོར་སྣང་ཞིང་ཞེན་པའི་དྲི་མ་འཁྲུད། ལམ་ཀུན་རྫོབ་སྒྱུ་ལུས་བསྒོམ་པ་ལ་དབང། འབྲས་བུ་ལོངས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་གོ་དབང་ འདི་ཀའི་ཐོག་མར་སློབ་མ་རྟོག་པ་ཅན་གྱིས་གསང་རྫས་ལམ་དད་པ་སྐྱེ་བའི་དོགས་པས་མིག་དར་འཆིང་བར་གསུངས་པ་ཡིན་ལ། འདི་གསང་དབང་དངོས་སུ་བསྐུར་རྒྱུ་མ་ཡིན་པས་བཅིང་བའི་དགོས་པ་ཆུང་ཡང། ཕྱག་ལེན་ ལ་བཅིང་བའི་ལག་ལེན་ཡོད་པ་ལྟར་ཨོཾ་ཧྲཱིཧ་ཧ་ཧུཾ་ཧཱུཾ་ཕཊ་བརྗོད་ཅིང་འཆིང་བར་བྱའོ།། །།གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། མཎྜལ་ཕུལ། གསོལ་བ་ལན་གསུམ་བཏབ། བྱིན་གྱིས་བརླབ་ [015A]༄༅། །ལ༑ མིག་དར་ལས་རྒྱའི་སྐབས་སུ་ངོ་ཚབ་སྐྱེ་བ་དགག་པའི་ཕྱིར་ཡིན་ནའང་ལག་ལེན་སྔར་བཞིན་ཤེས། དེ་ནས་བླ་མས་ཕྱོགས་བཅུའི་སངས་རྒྱས་རྒྱལ་སྲས་ཐམས་ཅད་དཔང་དུ་བཞག་སྟེ་ པདྨ་ཅན་སོགས་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་འདི་ནི་མཐའ་ཡས་པ་སྟེ་དཔག་ཏུ་མེད་པའི་བདེ་བ་སྦྱིན་པར་བྱེད་པའི་ལྷ་མོ་འདི་ནི་ཁྱོད་ཀྱིས་རྣམ་པ་ཀུན་དུ་བླང་བར་གྱིས། བླངས་ནས་ཀྱང་བླ་ན་མེད་པའི་བདེ་བ་ཆེན་པོས་ མཆོད་པར་གྱིས་ཤིག་ཅེས་པའོ། །དེ་ནས་རིག་མ་དེས། དཔའ་བོ་བྱང་ཆུབ་སེམས་ཟ་བར། །སོགས་ཀྱིས་དྲི་བ་བྱས་པ་ལ། ཇི་ལྟར་གསུངས་པའི་དམ་ཚིག་སོགས། །ཞེས་སོགས་ཀྱིས་ལན་བཏབ་པས་ དགྱེས་ཤིང། པདྨའི་དབུས་ཀྱི་རྩ་བདེ་བ་ཆེན་པོའི་འབྱུང་གནས་དེ་བསྟན་ཅིང། ཨེ་མ་བདག་གི་པདྨ་འདི། །སོགས་བརྗོད་པར་བསམ་སྟེ། དོན་ནི། ཨེ་མ་ནི་ངོ་མཚར་རོ། །ངའི་གསང་གནས་པདྨ་ འདི༑ བདེ་བ་ཐམས་ཅད་དང་ཡང་དག་པར་ལྡན་ཅིང། ཅི་ཞིག་ཆོ་ག་ཇི་ལྟ་བ་བཞིན་དུ་བསྟེན་པར་བྱེད་པའི་སྒྲུབ་པ་པོ་དེའི་མདུན་དུ་བདག་གནས་སོ། །སངས་རྒྱས་བསྟེན་པ་སྟེ་མཉེས་པར་བྱ་བ་དང། ལ་སོག་ པས་ས་ལམ་བགྲོད་པར་བྱེད་པ་ཅི་ཡིན་པ་ཐམས་ཅད་པདྨར་སྙོམས་པར་འཇུག་པའི་བདེ་བ་ཆེན་པོས་མྱུར་ལམ་ལ་བསྟེན་པར་གྱིས་ཤིག་བདེ་བ་བཞིའི་ནང་ནས་རྒྱལ་པོ་ལྟ་བུ་འདི་ཉིད་དུ་ནི་ཡང་དག་པར་ཞུགས་ཅིང་གནས་ [015B] པདྨ་བྷཉྫཱ་ཧོནི་ཀྱེ་པདྨ་བསྟེན་ཅིག་ཅེས་པའོ། །སློབ་མ་ཧེ་རུ་ཀ་དང། རིག་མ་རྡོ་རྗེ་ཕག་མོར་བསྐྱེད་ལ། དེ་ལྟར་ལྷ་ཡབ་ཡུམ་དུ་ཤིན་ཏུ་བརྟན་པར་བསྒོམ་པ་ལྷའི་འདུ་ཤེས། མཁའ་གསང་བྱིན་ གྱིས་བརླབ་ནས་ཡི་གེ་བསྒོམ་པ་སྔགས་ཀྱི་འདུ་ཤེས། ཐབས་འདིས་ཟག་མེད་ཀྱི་བདེ་བ་སྟེ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱ་སྟེ་ཐོབ་པར་བྱའོ་སྙམ་བ་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་དང་ལྡན་པའི་སྒོ་ནས་སྙོམས་པར་ ཞུགས་པར་མོས་སོ། །བླ་མའི་ཐུགས་ཁའི་ཧཱུཾ་གི་འོད་ཟེར་གྱིས་སྤྱན་དྲངས་པའི་རྒྱལ་བ་ཡབ་ཡུམ་སློབ་མའི་ལུས་ལ་ཞུགས་པ་ཆགས་པ་ཆེན་པོའི་མེས་ཞུ་ནས་དགའ་བ་བཞི་རིམ་གྱིས་བསྐྱེད། བྱང་སེམས་ཕྱིར་འཕོ་ མེད་དུ་བཟུང་བས། རིག་མ་ཡང་བདེ་བ་དཔག་ཏུ་མེད་པས་དགའ་ནས། རིག་མས་ལག་པ་གཡོན་པ་མགོ་ལ་བཞག་སྟེ། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཆོས་ཐམས་ཅད་བདེན་པར་ མེད་པའི་རྨི་ལམ་ལྟ་བུར་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་གྱིས་ཤིག་ཅེས་པའོ། །སྐབས་འདིར་དབང་ཐོབ་ལུགས་དང། མཆོག་དང། དམན་པའི་བརྗོད་རྒྱུ་མེད་ནའང་རེ་ཤིག་དེ་ཙམ་མོ། །དེ་ལྟར་རིག་མའི་བྷ་ གའི་དཀྱིལ་འཁོར་དུ་དབང་གསུམ་བ་ཐོབ། གཙོ་བོར་ཡིད་ཀྱི་དྲི་མ་ཐུན་མོང་བ་བརྣབ་སེམས། གནོད་སེམས། ལོག་ལྟ་སོགས་ཀྱི་དྲི་མ་འཁྲུད། ཐུན་མོང་མ་ཡིན་པ་གང་སྣང་ཀུན་བདེ་སྟོང་དབྱེར་མེད་དུ་འཆར་ [016A]༄༅། །བ་ལ་སྒྲིབ་བའི་དྲི་མ་སྦྱངས། འབྲས་བུ་ཆོས་ལྷུ་འགྲུབ་པའི་ཆུབ་པ་ཁྱད་པར་ཅན་བཞག་གོ། །།བཞི་པ་ཚིག་དབང་ནི། མཎྜལ་ཕུལ་ཞིང་གསོལ་བ་ལན་གསུམ་བཏབ་ ལ༑ དབང་བཞི་པ་ལ། དབང་རྫས་སོགས་ལ་བརྟེན་ནས་བསྐུར་བའི་ཆོ་ག་གཞན་མེད་ཅིང་ཟུང་འཇུག་གི་གོ་བ་སློབ་མ་ལ་ངོ་སྤྲོད་ནས། དེ་ལ་གོ་པ་ཆགས་པ་ལ་ཚིག་དབང་ཐོབ་པར་འཇོག་སྟེ། རྗེ་བླ་མས་ བཞི་པ་ཟུང་འཇུག་དོན་ལ་ངོ་སྤྲོད་ཕའི། །མཐར་ཐུག་དོན་ལ་སྒྲོ་འདོགས་ཆོད་པར་ཤོག་ཅེས་པའི་སྨོན་ལམ་གསུངས་པ་བཞིན་ཡིན་པའི་ཕྱིར། དེ་ལ་ངོ་སྤྲོད་པའི་ཚིག་ནི། ཁྱོད་ཀྱི་དབང་གསུམ་པའི་སྐབས་ སུ་སོགས་ཆོ་ག་བཞིན་ཡིན་ལ། དེ་ལ་དབང་གསུམ་པའི་སྐབས་སུ། རང་དང་རིག་མ་གཉིས་ཀྱི་ལུས་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་དངོས་གནས་ལ་གྲུབ་པ་མེད་ཀྱང། ཡིད་ངོར་གསལ་བཏབ་པ་དེ་བསྒོམ་ བཞིན་པའི་ངང་ནས། སེམས་དེ་ཁོ་ན་ཉིད་ལ་ཞུགས་པའི་བདེ་བ་ཆེན་པོ་གཉིས་ཡིད་ངོར་མཉམ་དུ་བྱུང་བ་དེ་བཞིན་དུ། ལམ་དུས་སུ་ལུས་ལ་གནད་དུ་བསྣུན་པས་བསྒོམ་པ་ལ་བརྟེན་ནས། རིམ་པ་བཞི་པའི་ འོད་གསལ་གྱི་མཐར། སེམས་ཡུལ་ཡུལ་ཅན་གཉིས་སྣང་མེད་པའི་དག་པའི་འོད་གསལ་དང། ལུས་རླུང་སེམས་ཕྲ་མོ་ལས་གྲུབ་པའི་འཇའ་ལུས་རྡོ་རྗེའི་སྐུར་སོང་བ་གཉིས་ངོ་བོ་གཅིག་པའི་ཟུང་ [016B] དེའི་རིགས་འདྲའི་རྒྱུན་གོམས་པ་ལས་འབྲས་བུ་དེ་དང་མཐུན་པའི་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་བསྒྲུབ་ཚུལ་ལ་ངོ་སྤྲོད་པར་དགོས་པ་དེ་ནི། རྗེ་ཙོང་ཁ་པས་ རྨད་བྱུང་མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས། །ཁ་སྦྱོར་བདེ་སྟོང་རོ་ལ་རྟག་རོལ་ཞིང། །དམིགས་མེད་ཐུགས་རྗེས་ཞི་བའི་མཐའ་སྤངས་པ། །རྒྱལ་བ་ཡན་ལག་བདུན་ལྡན། ཞེས་གསུངས་པ་ལྟར། སྐུ་ མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པའི་ལོངས་སྐུ། དེ་ཡང་ཡབ་རྐྱང་པ་མ་ཡིན་པ་ཐབས་ཤེས་ཡབ་ཡུམ་ཁ་སྦྱོར་བ། ཟག་མེད་ཀྱི་བདེ་བ་དེ་འཁྲིག་པའི་བདེ་བ་དཀྱུས་བགྲོས་ལས་འདས་པ། བདེ་བ་དེ་ཡང་རྟག་ བརྟན་ཐེར་ཟུག་མ་ཡིན་པར་རང་བཞིན་གྱི་སྟོང་པ་དང་རོ་གཅིག་པས་རྟག་ཏུ་རོལ་པ་སྟེ་ནམ་ཡང་འདའ་མི་སྲིད་པ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཐེག་དམན་དགྲ་བཅོམ་པ་བཞིན་དུ་སྡུག་བསྔལ་ཉེར་ཞིའི་ འགོག་པ་ཙམ་ལ་མི་གནས་པར་རྟག་ཏུ་འགྲོ་དོན་མཛད་པ། མཆོག་གི་སྤྲུལ་སྐུ་ལྟར་མྱ་ངན་ལས་འདས་པའི་ཚུལ་མི་སྟོན་པར་འཁོར་བ་མ་སྟོང་བར་དུ་བཞུགས་པ་ཡིན་ནོ། །དག་པ་ནི། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་ འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་བག་ཆགས་འཁྲུད་པའི་ནུས་པ་བཞག་ཟུང་འཇུག་བསྒོམ་པ་ལ་དབང། འབྲས་བུ་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་གི་གོ་འཕང་ [017A]༄༅། །མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་སོ། །རིག་མའི་བརྟུལ་ཞུགས་སྦྱིན་པ་ནི། འདི་ནི་རང་བཞིན་སོགས་ཀྱི་ཚིག་དོན་ནི། བརྟུལ་ཞུགས་རྣམས་ཀྱི་བླ་མའི་བླ་སྟེ་མཆོག་ཏུ་གྱུར་པ་ རིག་མའི་བརྟུལ་ཞུགས་འདི་ལ་བུ་ཡིས་སྤྱོད་ཅིག་ཇི་ལྟ་བུ་ན་རང་བཞིན་གྱིས་མ་གྲུབ་པའི་སྟོང་པའི་ལྟ་བ་ལ་གནས་བཞིན་པར་མཛེས་མ་སྟེ་རིག་མ་འདི་ལས་ཕྱི་རོལ་དུ་གྱུར་པ་སྤངས་ལ་བསྟེན་ཅིག་ཅིའི་ ཕྱིར་ན། རིག་མ་འདི་ལས་གཞན་པའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པའི་ཐབས་མེད་པས་སོ། །ཞེས་བརྗོད་པའི་དོན་ནོ། །དེ་ནས་དབང་ཐོབ་པར་མ་ཟད་དབང་དུས་སུ་ཁས་ བླངས་པའི་དམ་ཚིག་བསྲུང་དགོས་པས། དེ་ལ་རྩ་ལྟུང་བཅུ་བཞི་སོགས་བསླབ་བྱ་ཐམས་ཅད་ལ་བསླབ་ཅིང། སྲོག་དང་བསྡོས་ཏེ་བསྲུང་བར་བྱའོ་སྙམ་པས། གཙོ་བོས་ ཇི་ལྟར་སོགས་ལན་གསུམ་བརྗོད་ལ་ཕྱག་དང་མཎྜལ། བཀའ་དྲིན་བསབ་པའི་གཏང་རག་ཚོགས་འཁོར་སོགས་ཀྱིས་བླ་མ་མཉེས་པར་བྱ་སྟེ། འདི་ནི་དངོས་གྲུབ་མྱུར་དུ་འགྲུབ་པའི་ཐབས་ ཁྱད་པར་ཅན་ཡིན་ནོ། །འདི་ནི་ལས་དང་པོ་བ་ལ་གོ་བདེ་བར་མདོར་བསྡུས་ཏེ་བརྗོད་པ་ཡིན་ལ། རྒྱས་པར་སྔགས་རིམ་དང། མཁས་པ་རྣམས་ཀྱིས་མཛད་པའི་ [017B] །རྒྱུད་དོན་རྡོ་རྗེའི་ཚིག་རྣམས་རྟོགས་དཀའ་བས། །བདག་འདྲས་འགྲེལ་པའི་འོས་སུ་མ་ཡིན་ཀྱང། །དང་པོའི་པས་ཅན་འགའ་ ལ་ཕན་སྙམ་དང། །སློབ་མས་བསྐུལ་ཕྱིར་ཅུང་ཟད་བཤད་པ་ལ། །ཉེས་པའི་ཚོགས་རྣམས་ཇི་སྙེད་མཆིས་པ་རྣམས། །དཔའ་བོ་རྣལ་འབྱོར་མ་རྣམས་བཟོད་པར་ གསོལ༑ ༑ལེགས་ཆ་ཅུང་ཟད་ཡོད་པས་མཚོན་ནས་ནི། །བདག་གིས་དུས་གསུམ་བསགས་པའི་དགེ་བའི་མཐུས། །རྒྱལ་བའི་བསྟན་བ་ཕྱོགས་དུས་ཀུན་དུ་རྒྱས། ། ཐབས་མཁས་འདི་ཡིས་འགྲོ་ཀུན་སྒྲོལ་བར་ཤོག། །།ཅེས་པ་འདི་ནི་རང་གི་གུས་ལྡན་གྱི་སློབ་མ་དགེ་སློང་བློ་བཟང་རབ་བརྟན་དང། ལྷ་བཙུན་བློ་བཟང་ཕུན་ཚོགས་གཉིས་ཀྱིས་འདི་ལྟ་ བུ་ཞིག་ངེས་པར་དགོས་ཞེས་ནན་ཆེར་བསྐུལ་བའི་ངོར་དོན་གྱི་སླན་དུ་མཚན་ནས་སྨོས་ཏེ་མཁན་པོ་རིན་པོ་ཆེ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་ཞལ་ལྡནས་ཀྱི་ ཞབས་ཀྱི་པདྨོ་སྤྱི་བོར་ལེན་ཅིང། རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་མཁས་ཤིང་གྲུབ་པའི་དབང་ཕྱུག་དཀོན་མཆོག་རྒྱལ་མཚན་དང་མཁས་བཟང་པོའི་བཀའ་དྲིན་གྱིས་ཉེ་བར་འཚོ་བའི་ལྷའི་བཙུན་པ་ [018A]༄༅། །བློ་བཟང་བསྟན་འཛིན་རྒྱལ་མཚན་གྱིས་སྦྱར་བའི་དགེ་བས་དཔལ་འཁོར་ལོ་སྡོམ་པའི་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །། མངྒ་ལཾ།། །། [018B][BLANK PAGE]